ཆེས་སྐྱུག་བྲོ་བའི་བྱ་སྤྱོད་ནི་གཞན་ལ་མཐོང་ཆུང་གི་ལྟ་ཚུལ་དེ་རེད། ༤

发表于 讨论求助 2021-03-19 12:19:47

ཡིག་སྒྱུར་བ། ཁངས་གསར་བུ་མོ།

       ཉིན་ཤས་སྔོན། པོད་ཕྲན་ཐོག་བརྙན་ཐུང་ཞིག་ཁྱབ་སྤེལ་ཆེན་པོ་བྱུང་འདུག  དེ་ནི་ཟ་ཁང་དུ་ཟ་མ་བཟའ་བར་འགྲོ་མི་དགོས་པར་རང་ཁྱིམ་དུ་སྐྱེལ་མཁན་གྱི་སྐྱེས་པ་ཞབས་ཞུ་བ་ཞིག གློག་སྐས་ནང་དུས་འགྱངས་ཤོར་བར་དངངས་འཚབ་ཆེན་པོ་བྱུང་ནས་ངུ་བཞིན་འདུག
དུས་ཐུང་གི་བརྙན་ཐུང་དེ་མཐོང་ནས་ངའི་སེམས་ནང་བརྗོད་མི་ཤེས་པའི་སྙིང་རྗེ་དང་སྐྱོ་སྣང་ཞིག་རང་དབང་མེད་པར་སྐྱེས་བྱུང་། བརྙན་ཐུང་ནས་གཞོན་པ་དེའི་སེམས་འཚབ་དང་སྐྱབས་མེད་ཀྱི་འཇིགས་སྣང་ཡང་མངོན་བཞིན། ཁོ་པ་རང་ཉིད་ཀྱིས་དུས་ཐོག་ཏུ་ཟ་མ་སྐྱེལ་མ་ཐུབ་པར་འཁང་ར་བྱེད་པ་དང་། མཛད་སྤྱོད་པས་དུས་འགྱངས་བྱུང་བར་ཐེར་འདོན་བྱས་ན་རང་ཉིད་ཀྱི་ལས་ཀ་དེ་ཤོར་དོགས་ཀྱི་སེམས་ངལ་ཆེན་པོ་མྱོང་བཞིན་ཡོད་འདུག 

    ནམ་རྒྱུན་ང་ཚོས་ཟ་མ་མངག་ཉོ་བྱས་ན་དུས་ཡུན་རིང་ཙམ་འགོར་དུས་འཁང་ར་བྱེད་པ་ལས་ཁོང་ཚོ་ཆར་རླུང་ཁྲོད་ངལ་དུབ་ངང་རྒྱུག་བཞིན་ཟ་མ་དུས་ཐོག་དུ་སྐྱེལ་མ་ཐུབ་པའི་དོན་དུ་ངུ་བཞིན་ཡོད་པ་སུས་ཚོར་ཐུབ་བམ།  ངས་ཟ་མ་སྐྱེལ་མཁན་མང་པོ་མཐོང་མྱོང། ལ་ལ་ངའི་ཕ་མ་ལས་ཀྱང་ན་རྒན་པ་ཡང་འདུག ཁོང་ཚོས་ཟ་མ་མགྱོགས་ཙམ་སྐྱེལ་ཐུབ་ཆེད་རྔུལ་ཆུ་འཛར་བཞིན་དབུགས་ཧར་ཧར་ངང་ཐོག་བརྩེགས་ཁང་ཆེན་དག་ལ་འཛེགས་ཤིང་། དུས་འགྱངས་ཅུང་ཟད་བྱུང་ན་མགོ་སྒུར་བཞིན་དགོངས་སེལ་མང་ཙམ་ཞུ་གྱིན་ཡོད་པ་རེད། ཟ་མ་བསྐྱལ་བའི་ཐོབ་ཆ་ཕྲན་ཙམ་ལས་མེད་ཀྱང་གལ་ཏེ་དུས་འགྱངས་བྱས་ན་མཛད་སྤྱོད་པས་ཐེར་འདོན་བྱས་འབྲས་ཁོ་པ་ཚོར་ཉེས་ཆད་ཆེན་པོ་ཕོག་གིན་ཡོད་འདུག་ལ། ཁ་ཤས་ཀྱིས་འཚོ་རྟེན་གྱི་ལས་གནས་དེ་ཡང་ཤོར་གྱིན་ཡོད་འདུག 

  ཆར་པ་འབབ་པའི་ཉིན་མོ་ཞིག་ལ་ངས་མངག་ཉོ་བྱས་པའི་ཟ་མ་དུས་ཡུན་ཆུ་ཚོད་གཅིག་ཙམ་སྒུག་དགོས་བྱུང་།  ཟ་མ་འབྱོར་དུས་ཞབས་ཞུ་བ་ནི་ངའི་ཨ་ཕའི་ན་ཚོད་ཙམ་གྱི་རྒན་པོ་ངོ་གདོང་ཆར་ཆུས་བརླན་པ་ཞིག་སླེབས་ནས་དགོངས་པ་མ་ཚོམས། དགོངས་པ་མ་ཚོམས།ཁྱེད་རང་གིས་སྒུག་ཡུན་རིང་སོང་ཅེས་ང་ལ་ཟ་མ་བླུགས་པའི་ཕོར་པ་ཅུང་དཀྱོག་པ་ཞིག་སྤྲད་བྱུང། ངས་ཕོར་པ་ལེན་ཞོར་ཁོང་གི་ལག་པའི་རྨ་དེ་མཐོང་ནས་དྲིས་པས་ཁོང་གིས། གུས་གུས་ཞུམ་ཞུམ་ངང་། གལ་བྱས་མ་སོང་། ཁྱེད་རང་ཐུགས་ཁྲལ་མི་དགོས། ང་རང་ཡོངས་སྐབས་མགྱོགས་དྲག་ནས་ཆར་ཆུ་ལ་འདྲེད་བརྡབ་ཤོར་བྱུང་ཡང་ཁྱེད་ཀྱི་ཞལ་ལག་བོ་མེད་ཅེས་ང་ལ་བཤད་བྱུང། སྐབས་དེར་ང་ངའི་ཨ་ཕ་ལྟ་བུའི་རྒན་པོ་དེ་ལ་ཤ་ཚ་ནས་མིག་ལ་མཆི་ཞག་ཡང་འཁོར་བྱུང་། ངས་ཁོང་ལ། ཁྱེད་རང་སྐུ་ལས་ཁག་སོང་གཟབ་གཟབ་གནང་དགོས། ཅེས་ཞུས་པས་ཁོང་གིས་ཐུགས་རྗེ་ཆེ། ཁྱེད་ཀྱིས་ངས་དུས་འགྱངས་བྱས་པར་ཐེར་འདོན་མ་གནང་བར་བསམ་ཤེས་དེ་འདྲ་གནང་བར་ཐུགས་རྗེ་ཆེ་ཞེས་ཡང་ཡང་གསུང་བྱུང། 


       འཛམ་གླིང་འདིའི་སྟེང་གི་མི་མང་པོའི་འཚོ་བ་ནི་ངོ་མ་ལས་སླ་པོ་ཞིག་མ་རེད། དགུན་དུས་ཤིག་གཞུང་ལས་ཁང་གི་སྒོ་འགྲམ་དུ་ལས་རོགས་ཞིག་གིས་ཟ་མ་སྐྱེལ་མཁན་ཞབས་ཞུ་བ་ཞིག་ལ་དུས་ཡུན་མང་པོ་འགོར་སོང་ཞེས་གཤེ་གཤེ་གཏོང་བཞིན་ཡོད་པ་ངས་མཐོང་སོང་། དེ་ཉིན་གངས་འབབ་བཞིན་ཡོད་པས་ཕྱི་ལ་དྲོད་ཚད་ཧ་ཅང་དམའ། ན་གཞོན་དེ་འཁྱགས་ནས་ལུས་པོ་འདར་ཞིང་མཆུ་ཏོ་ཡང་སྔོ་ནག་དུ་གྱུར་ནས་ཞུ་བ་བྱས་ཀྱང་། ཁོང་གིས་རང་ཟ་མ་བསྐྱལ་མཁན་ཞིག་ཅེས་དམའ་འབེབ་ཀྱི་ཚིག་དེ་བེད་སྤྱད་ནས་མང་པོ་བཤད་རྗེས་ཐེར་འདོན་བྱས་སོང། ལས་རོགས་དེ་རྣམ་ཀུན་ཚང་མས་མི་ངང་རིང་ཞིག་དང་སྙིང་རྗེ་ཆེན་པོ་ཞིག་རེད་ཅེས་བཤད་ཀྱིན་ཡོད་རུང་། དེ་ཉིན་ཁོང་གི་བྱ་སྤྱོད་དེ་མཐོང་དུས་ངས་སྙིང་རྗེ་ཟེར་བའི་ཐ་སྙད་དེ་ཧ་ཅང་གི་རྙོགས་འཛིང་ཅན་ཞིག་ཡིན་པར་ར་འཕྲོད་བྱུང། མི་ཞིག་གི་ངང་རྒྱུད་དང་སྙིང་རྗེ་ནི་རང་གི་ལས་གནས་ལས་དམའ་བའི་ཆ་རྒྱུས་མེད་པའི་མི་དག་གི་ལུས་ཐོག་ལ་མ་གཏོགས་མཐོང་དཀའ་བ་ཞིག་རེད།

       དོན་ངོ་མར་མི་ཟེར་བ་ཚང་མ་འདྲ་མཉམ་རེད་ལ། ལས་རིགས་ཅི་འདྲ་ཞིག་ཡིན་རུང་རང་རང་གི་ནུས་པ་དང་དགེ་མཚན་ཡོད་ལ་དེ་བས་ཟ་མ་སྐྱེལ་མཁན་དག་ཆར་རླུང་འཁྲོད་ཡོང་ནས། མི་རྣམས་སྒོར་ཐོན་མི་དགོས་པར་ཟ་མ་བསྐྱལ་བས་ཁོང་ཚོ་ནི་ལས་རིགས་ཞིག་གི་རྨང་གཞི་འདེགས་སྐྱོར་མཁན་ཞིག་རེད་ཅེས་ལབ་ནུས། གང་ཡིན་ཟེར་ན་ཁོང་ཚོས་གནམ་གཤིས་ཀྱི་ཡག་སྡུག་ལ་མ་འཛེམས་པར་ང་ཚོར་ཟ་མ་སྐྱེལ་ཀིན་ཡོད་པས་ང་ཚོས་ཁོང་ཚོར་བསམ་ཤེས་དང་བཟོད་སྒོམ་མེད་པར་ཅིའི་ཕྱིར་མཐོང་ཆུང་བྱ་འོས། སྤྱི་ཚོགས་སྟེང་ཆེས་སྐྱུག་བྲོ་བའི་བྱ་སྤྱོད་ནི་གཞན་ལ་མཐོང་ཆུང་གི་ལྟ་ཚུལ་དེ་རེད་འདུག དམའ་རིམ་ལུས་ཤུགས་ངལ་རྩོལ་མི་སྣ་ཞིང་པ། ཨར་ལས་པ། གྲོང་ཁྱེར་འཕྲོད་བརྟེན་འགན་འཁུར་བ། ཟ་ཁང་། ཚོང་ཁང་སོགས་ཀྱི་ཞབས་ཞུ་བ་དག་གི་གྱོན་པ་དེ་ཙམ་མི་གཙང་བ་དང་། ངོ་གདོང་དེ་ཙམ་མི་ཡག་རུང་ཁོང་ཚོའི་འབད་བརྩོན་དང་། ཁོང་ཚོའི་ལེགས་སྐྱེས་དག་མེད་ན་ང་ཚོའི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་འདི་སུས་བསྐྲུན་ཐུབ། ཁྱིམ་བདག་འགའ་རེས་བུ་ཕྲུག་ལ་སློབ་གསོ་སྐྱོན་ཅན་ཞིག་རྒྱབ་སྲོལ་ནི་དམའ་རིམ་ལས་རིགས་ཀྱི་མི་སྣ་དག་ལ་འཛུབ་མོ་བཙུགས་ནས། སློབ་སྦྱོང་ཡག་པོ་མ་བྱས་ན་རྗེས་མ་ཁོང་ཚོ་ལྟ་བུ་ཆགས་ཡོང་ཅེས་མི་དེ་དག་ཐ་ཤལ་དུ་བཏང་རུང་དོན་ངོ་མར་རང་ཉིད་ཀྱི་བྱ་སྤྱོད་དེ་ཧ་ཅང་ཐ་ཤལ་ཞིག་ཡིན་པ་ཤེས་ཀྱིན་མེད།
  གསར་འགྱུར་གྱི་དཔྱད་ཞིབ་སྐབས་དམའ་རིམ་ལས་གནས་ཀྱི་མི་སྣས་གསར་འགོད་པར་བཤད་ཚུལ། ཁོང་ཚོར་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི་མི་གཞན་གྱི་ཞེན་ལོག་དང་མཐོང་ཆུང་རེད་འདུག་ལ་ཐ་ན་སྤྱི་སྤྱོད་རླངས་འཁོར་ནང་འདུག་ས་ཡོད་རུང་བསྡད་ནུས་ཀྱིན་མི་འདུག གང་ཡིན་ཟེར་ན་རང་གི་གྱོན་པས་མི་གཞན་གྱི་གྱོན་གོས་བཙོག་པ་བཟོས་ཡོང་བསམ་གྱིན་འདུག་ཅེས་ལྷག་བསམ་གཞུང་དྲང་ངང་བཤད་འདུག དེ་དང་བསྡུར་ན་མི་ལ་ལས་གནས་མཐོ་བ་དང་གྱོན་པ་གཙང་ཞིང་གྲ་འགྲིག་པོ་ཞིག་ཡིན་རུང་ཕྱིའི་རྣམ་པ་གཙང་མ་དེས་ནང་སེམས་ཀྱི་ཀུན་སྤྱོད་བཙོག་པ་དེ་བཀབ་ཐབས་མེད་པས་མི་དེ་རིགས་ལ་མི་ཞིག་ཡིན་པའི་མ་མཐར་གྱི་གུས་ཞབས་དེ་ཡང་མེད་པ་རེད། ཡིན་ཡང་དགའ་འོས་པ་ཞིག་ལ་འཛམ་གླེང་འདིའི་སྟེང་དོན་ངོ་མའི་མི་བཟང་དང་བྱ་བཟང་བྱེད་མཁན་ཡང་མང་པོ་ཡོད། དཔེར་ན་རྒྱ་ནག་ཧང་ཀྲུའུ་(杭州)དཔེ་མཛོད་ཁང་ཞིག་གིས་ཛར་ཛོར་འཐུ་ནས་འཚོ་བ་འཚོལ་མཁན་ལ་དཔེ་མཛོད་ཁང་ནང་རིན་མེད་ཀྱི་དཔེ་ཀློག་བྱ་ཆོག་པ་དང་། ཨ་རིའི་ནེའུ་ཡོག་(纽约)གྲོང་ཁྱེར་དུ་སྐྲ་གཞར་ཁང་ཞིག་གིས་འཁྱམ་པོ་ཚོར་རིན་མེད་ཀྱི་སྐྲ་གཞར་ནས་བཟོ་བལྟ་བཟོ་རོགས་ཡང་བྱེད་ཀྱིན་ཡོད་འདུག

   ཁོང་ཚོའི་གཟུགས་བརྙན་དེ་བྱ་ཐབས་མེད་པས་རེད། ང་ཚོས་གུས་ཞབས་བྱེད་པ་ནི་གདམ་ཀ་ཞིག་ཡིན་པས་དེ་རིང་ངའི་རྩོམ་གྱི་སྙིང་དོན་ནི་མ་གཞི་ཚང་མས་གླེང་བཞིན་པ་ཞིག་ཡིན་མོད། ངས་ཀྱང་སློབ་འབྲིང་དང་མཐོ་སློབ་སྐབས་གད་སྙིགས་ཕྱག་མཁན་དེ་ཚོ་ཞོགས་པ་སྔ་ལངས་དང་། དགོང་མོ་ཕྱི་ཉལ་དེ་འདྲ་བྱེད་པ་ངོ་མ་དཀའ་ལས་རེད་འདུག་ཅེས་དེའི་ཐད་མང་པོ་བྲིས་མྱོང་ལ། སློབ་ཆེན་ཐོན་ནས་འཕྲིན་སྦྱོར་ལས་གནས་ཐོག་སླེབས་རུང་ངས་མུ་མཐུད་བྲིས་ཡོད། གལ་སྲིད་རྗེས་ལ་ངའི་རྩོམ་ལ་དགའ་མོས་ཡོད་མཁན་མང་པོ་བྱུང་ན་ངས་དེ་བས་བྲི་འདོད།  རྒྱུ་མཚན་ནི་ང་ཚོའི་སྤྱི་ཚོགས་དེར་ལས་རིགས་ལ་མཐོ་དམན་མེད་ལ། ལས་རིགས་གང་འདྲ་ཞིག་དང་ངལ་རྩོལ་མི་སྣ་ཅི་འདྲ་ཞིག་ཡིན་རུང་ང་ཚོ་ཚང་མས་གུས་ཞབས་དང་བསམ་ཤེས་བྱེད་དགོས་ངེས་ཡིན་པས་ཡིན། དེར་བརྟེན་ང་ཚོ་ཚང་མས་མི་གཞན་གྱི་ཕྱི་ཚུལ་གྱི་རྣམ་པ་དང་ལས་གནས་ཀྱི་མཐོ་དམན། ཆ་རྒྱུས་ཡོད་མེད་ལ་མ་བལྟ་བར་ཚང་མར་བསམ་ཤེས་དང་བཟོད་སྒོམ། གུས་ཞབས་ཡག་པོ་བྱེད་དགོས་པ་འགན་འཁྲི་ཞིག་རེད་དྲན། འཚམས་འདིར་བརྙན་ཐུང་ནང་ངུ་བཞིན་པའི་གཞོན་པ་དེར་གཞོན་པ་མ་ངུ། དངངས་འཚབ་མ་ལངས། ཁྱེད་རྣམས་སྐུ་ལས་ཁག་སོང་ཅེས་ལབ་འདོད།


རྩོམ་པ་པོ། ཧྥུན་ཤང་། 



མི་ཆུང་ཆུང་ཞིག་གིས་སྤྱི་གླེང་ཁུལ་བྱེད་པ་ནི་དེ་འདྲ་འཚམ་པོ་རང་མི་འདུག དེ་ལས་བྱེ་བྲག་ལ་བབས་ཏེ་རང་གི་ཉེ་འཁོར་གྱི་སྣང་ཚུལ་རེ་བརྗོད་ན་བདག་གིས་ནི་དེ་བཟང་བར་འདོད་དོ།།  གླིང་སྲས་ཀྱིས།

གངས་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།

གླིང་སྲས་བོད་ཡིག་འཕྲིན་སྟེགས།












དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་ཕུལ་བའི་སྙིང་གཏམ།

གཞན་སྐད་ཤེས་བྱེད་ཕ་སྐད་ལ་ཕན་ཐོག་པ་བྱེད་དགོས་ གཞས་རྙིང་དང་རྩོམ༢

གནམ་ལོ་གསར་པའི་ནང་གི་ཁ་བརྡ་གསོན་པོ།




发表
26906人 签到看排名